| ཨི་ཊ་ལི་སློབ་ཕྲུག་གིས་བོད་ཀྱི་རྒྱལ་གླུ་བཏང་། |
|
ཟླ་གསུམ་པའི་ཚེས་༩ ཡི་ཉིན་ཨི་ཊ་ལི་C I S Lཚོགས་པས་བཀོད་སྒྲིག་ལྟར་ ཤིང་བཟའ་རིན་པོ་ཆེ་དོ་རི་ནོ་Torino གྲོང་ཁྱེར་གྱི་Liceo Giobertiཞེས་པའི་སློབ་གྲྭར་གདན་ཞུ་གནང་སྟེ་སྔ་དྲོའི་ཆུ་ཚོད་དགུ་ཡས་མས་སུ་སློབ་གྲྭ་དེའི་དགེ་སློབ་དྲུག་ཅུ་ལྷག་གིས་བོད་ཀྱི་རྒྱལ་གླུ་བཏང་ནས་རིན་པོ་ཆེར་ཕེབས་བསུ་ཞུས། སྐབས་དེར་ཤིང་བཟའ་རིན་པོ་ཆེས་དེ་རིང་ཡོ་རོབ་གླིང་གི་ཨི་ཊ་ལི་ནས་བོད་ཀྱི་རྒྱལ་གླུ་ཐོས་པར་དགའ་ཚོར་ཆེན་པོ་བྱུང་ཞེས་དགེ་སློབ་ཡོངས་ལ་ཐུགས་རྗེ་ཆེ་ཞེས་པ་དང་།དེ་ནས་ཁོང་ཚོའི་རེ་བ་ལྟར་བོད་ཀྱི་རྒྱལ་གླུ་འབྲེལ་བཤད་གནང་། ཕེབས་བསུ་གྲོལ་རྗེས་སློབ་གྲྭའི་ཚོགས་ཁང་དུ་ཕེབས་ནས་སློབ་མ་༢༠༠ ཙམ་ལ་བོད་དོན་དང་འབྲེལ་བའི་བཀའ་སློབ་གནང་། སྐབས་དེར་རིན་པོ་ཆེ་ནས་རྒྱ་ནག་གཞུང་གིས་བོད། ཞིན་ཅིང་། དེ་བཞིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་ཧྥ་ལོང་ཀོང་ཞེས་པའི་སྒོམ་གྲུབ་ཚོགས་པའི་ཚོགས་མི་སོགས་ལ་བཙན་ཤེད་ཀྱིས་དྲག་གནོན་བྱས་དང་བྱེད་མུས་སུ་ཡིན་པ་དང་། བོད་ནང་གི་སློབ་ཆེན་ཁག་གི་སློབ་མ་རྣམས་ལ་རང་དབང་གིས་རྩོམ་ཡིག་འབྲི་རྒྱུའི་ཐོབ་ཐང་མེད་ལ། གླུ་གཞེས་གཏོང་མཁན་རྣམས་ཀྱིས་རང་དབང་ངང་གླུ་གཞེས་གཏོང་ཆོག་གི་མེད་པ་སོགས་ཀྱི་མཚོན་པའི་དངོས་ཡོད་དཔེ་མཚོན་དུ་མ་དྲངས་ནས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གསལ་བཤད་དང་། ༧གོང་ས་མཆོག་གིས་ད་བར་རྒྱ་གཞུང་ལ་བརྩི་འཇོག་དང་གུས་བཀུར་གང་ཐུབ་གནང་ཡང་རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་སྣ་ཚོགས་མཚམས་ཆད་མེད་པ་དེས་བོད་མི་དག་གིས་སྙིང་ལ་གྲིས་བསྣུབས་པ་ཇི་བཞིན་ན་ཚ་བསླངས་ཡོད་ཅེས་དང་། ཡང་ཤིང་བཟའ་རིན་པོ་ཆེས་དཔལ་འབྱོར་དང་ རིག་གཞུང་། ལོ་རྒྱུས། ས་ཁམས་སོགས་རྒྱུ་མཚན་བཞིའི་སྒོ་ནས་རང་བཙན་རྩོད་ལེན་བྱེད་དགོས་པའི་དགོངས་འཆར་བཏོན་པ་དང་ཆབས་ཅིག ཁྱེད་ཚོ་སློབ་ཕྲུག་རྣམས་ཀྱི་གནད་དོན་འདི་ངོ་ཤེས་པའི་ཐོག་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་རྒྱུ་མཚན་ཤེས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུར་འབོད་སྐུལ་དང་རེ་བ་བྱེད་ཀྱི་ཡོད་ཞེས་རེ་སྐུལ་ཞུས། བཀོད་སྒྲིག་བྱེད་མཁན་སྐུ་ཞབས་ཁི་ལོ་ཌེའོ་ ཏེ་ཇོའོ་ཡིས་ Claudio Tecchio རིན་པོ་ཆེ་ངོ་སྤྲོད་དང་སྦྲགས་སང་ཉིན་དེ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་ཁེལ་ཡོད་སྟབས་དགོས་དབང་གིས་གསུམ་བཅུ་དུས་དྲན་ངོ་སྤྲོད་མདོར་བསྡུས་ཤིག་ཀྱང་གནང་པ་དང། དེ་ནས་མུ་མཐུད་ནས་རྒྱ་ནག་གཞུང་གིས་ལྷ་མེད་སྨྲ་བ་ཡིན་ཞེས་བཤད་ཞོར་དུ་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཀྱིན་ཡོད་པས་དེ་ནི་ལྐུག་པའི་བྱ་སྤྱོད་ལས་མ་འདས་ཞེས་སྐྱོན་བརྗོད་བྱས་པ་དང་། དེ་ནས་ཡང་ཁོང་གིས་ཨོ་བྷ་མས་ཨ་རི་མི་མང་གི་གནོད་ཤུགས་འོག་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་རེད། འོན་ཀྱང་༧གོང་ས་མཆོག་དང་མཇལ་འཕྲད་དེ་ནི་ཆོས་ལུགས་ཀྱི་ངོ་བོ་ཁོ་ན་ཡིན་ལུགས་བསྒྲགས་ནས་རྒྱ་ནག་ལ་ངོ་དགའ་བྱས་པ་མ་ཟད།མཇལ་འཕྲད་གྲོལ་ནས་༧གོང་ས་མཆོག་ཕྱིར་ཕེབས་དུས་གད་སྙིགས་ཁྲོད་འགྲོ་རུ་བཅུག་ཡོད་པ་དང་། གཞན་ཡང་ཁོ་ཨ་རིའི་སྲིད་འཛིན་དུ་གྱུར་ནས་ལོ་གཅིག་གི་ནང་ཡང་དང་བསྐྱར་དུ་བོད་དེ་རྒྱ་ནག་གི་ཆ་ཤོས་ཤིག་ཡིན་ལུགས་གསལ་བཤད་ཡང་བཤད་བྱས་པ་སོགས་ལ་བལྟས་ན་དེ་འདྲ་ཞིག་ལ་ཐུག་ནས་ཕན་ཐོག་གང་ཡང་མེད་པ་གསལ་བོ་རེད་ཅེས་དང་། ཡང་ཁོང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ནང་འབྲོག་པ་རྣམས་གྲོང་ཁྱེར་ཅན་དུ་བསྒྱུར་བཞིན་པ་དེ་ནི་རྒྱ་ནག་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་མཁན་འབྲོག་པ་ཡིན་པ་ཤེས་ནས་བསམ་བཞིན་དུ་དེ་དག་རྩ་མེད་དུ་གཏོང་ཐབས་དང་བཟོ་གྲྭ་འདྲ་མིན་འཛུགས་བསྐྲུན་བྱེད་སའི་ས་ཆ་སྟོང་བ་བཟོ་གི་ཡོད་པ་རེད་ཞེས་གསུངས། བཀའ་སློབ་གྱི་རྗེས་ཀྱི་དྲི་བ་དྲི་ལན་སྐབས་སློབ་མ་ཞིག་གིས་ཁྱེད་ཚོས་ཉམས་འབྲེལ་རྒྱལ་ཚོགས་ཀྱི་་རོགས་རམ་རག་གི་རེད་བསམ་གྱི་ཡོད་དམ་ཞེས་པར་རིན་པོ་ཆེས་ངས་ནམ་ཡང་རྒྱལ་ཁབ་གཉིས་པ་ཞིག་ལ་རེ་བ་བྱེད་ཀྱི་མེད། མཐར་སློབ་གྲྭ་དེའི་དགེ་རྒན་སྐུ་ཞབས་ Pasquale Totaro མཆོག་ནས་འཇུག་སྡོམ་གནང་པ་དང་ཁོང་གི་བརྩམས་པའི་དཔེ་དེབ་Memorie Dimenticate ཞེས་པ་རིན་པོ་ཆེ་ལ་དྲན་རྟེན་དུ་ཕུལ། ཚོགས་འདུ་མཇུག་གྲོལ་ལ་ཉེ་བའི་སྐབས་སུ་སློབ་མ་ཆུང་ཆུང་ཞིག་གིས་རང་ཉིད་ཀྱི་དང་བླང་གིས་བོད་ཀྱི་རྒྱལ་གླུ་ཁོ་རང་གིས་རོམ་མོ་སྒྲོལ་ནས་བཏང་སྟེ་ཚོགས་འདི་དགའ་ཚོར་ངང་གྲོལ་སོང་། ཉིན་གུང་རྒྱབ་ C I S Lཚོགས་པས་བཀོད་སྒྲིག་ལྟར་ཤིང་བཟའ་རིན་པོ་ཆེས་ཨི་ཊ་ལི་ལས་བྱེད་ཚོགས་པའི་ཚོགས་མི་དང་དེ་བཞིན་བོད་དོན་རྒྱབ་སྐྱོར་བ་གལ་ཆེན་སྐོར་ཞིག་དང་མཇལ་འཕྲད་གནང་སྐབས་དེར་ཁོང་རྣམས་ཀྱིས་ང་ཚོ་བོད་པ་དང་མཉམ་དུ་ནམ་ཡང་ཡོད་ཅེས་རིན་པོ་ཆེ་བརྒྱུད་ནས་བོད་ནང་གི་གྲོགས་པོ་ཚོར་གསུངས་རོགས་ཞེས་སྐད་བསྐུར་བ་དང་། དེ་ལྟར་བོད་དོན་སྐོར་གྱི་བསམ་བློ་བརྗེ་རེས་དང་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་ཡང་བྱས་ཡོད་པ་རེད། ཨི་ཊ་ལི་ C I S L ཚོགས་པ་འདི་ནི་ཕྱི་ལོ་ ༡༩༥༠ ་ལོར་གསར་འཛུགས་བྱས་པ་ཞིག་རེད་ལ། ད་ལྟ་ཚོགས་མི་ས་ཡ་ལྔ་ལྷག་ཡོད་པ་དང་ཚོགས་པ་དེའི་ནང་སྡེ་ཚན་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་དང་འཛམ་གླིང་རྒྱལ་ཁབ་མང་པོར་འབྲེལ་བ་བཟུང་ཡོད་པ་འགྲེལ་བརྗོད་བྱས་བྱུང་། གསར་འགོད་པ་ཀརྨ། |